དུས་དེབ་དང་འབྲེལ་བའི་སྲིད་བྱུས་ལམ་ལུགས།
དམིགས་ཡུལ།
ཞུན་དག་བཀོད་ཚོགས་ལམ་ལུགས་འདི་གིས་ རིག་མཛོད་དུས་དེབ་ནང་ལུ་ པར་སྐྲུན་འབད་ཡོད་པའི་ ཞིབ་འཚོལ་གྱི་རྩོམ་ཤོག་ཚུ་ སྤུས་ཚད་ཅན་དང་རྒྱལ་སྤྱིའི་གནས་ཚད་ཁར་ ལྷོད་ཚུགསཔ་བཟོ་ནི་དང་ དུས་ཚོད་ཁར་སྐྲུན་འབད་ཚུགསཔ་བཟོ་ནི་གི་དམིགས་ཡུལ་ཨིན།
ཞུན་དག་པའི་གནས་ཡུན།
སྤྱིར་བཏང་ཞུན་དག་པ་ཚུ་གི་གནས་ཡུན་འདི་ ལོ་ངོ་གསུམ་གྱི་རིང་ཨིན་རུང་ ཞུན་དག་པ་ཁོ་རའི་བློ་འདོད་དང་བསྟུན་ གནས་ཡུན་འདི་ད་རུ་ལོ་གཅིག་གི་རིང་ལུ་བསྐྱར་གསོ་འབད་ནི།
ཞུན་དག་བཀོད་ཚོགས་ཀྱི་ཕྱག་འགན།
༡ ཞུན་དག་བཀོད་ཚོགས་འདི་གིས་ དུས་དེབ་འདི་མཐར་འཁྱོལ་ཅན་དང་ལེགས་ཤོམ་འགྱོ་ནི་གི་དོན་ལུ་ རིག་མཛོད་དུས་དེབ་ནང་ལུ་བསྐྱལ་ཡོད་པའི་རྩོམ་ཤོག་ཚུ་ པར་སྐྲན་འབད་ནི་གི་འོས་འབབ་འདུག་ག་མིན་འདུག་བལྟ་ཞིནམ་ལས་གྲོས་ཐག་བཅད་ནི།
༢ རྩོམ་པ་པོ་དང་ལྷག་མི་ཚུ་ རིག་མཛོད་དུས་དེབ་ནང་ རྩོམ་ཤོག་བསྐྱལ་ནི་གི་སེམས་ཤུགས་བསྐྱེད་བཅུག་ནི།
༣ ཆ་འཇོག་གྲུབ་ཡོད་པའི་རྩོམ་ཤོག་ཚུ་ དུས་ཐོག་ལུ་པར་སྐྲུན་འབད་ནི།
༤ དེ་ལས་ཞུན་དག་པ་ཚུ་གིས་ ཟླཝ་གཅིག་ནང་འཁོད་ལུ་ རྩོམ་ཤོག་ཚུ་ཞུན་དག་འབད་དེ་ལོག་བསྐྱལ་ནི།
༥ ཞུན་དག་པ་ཚུ་གིས་ རྩོམ་ཤོག་འདི་ ལམ་སྟོན་དང་འཁྲིལ་འདུག་ག་མི་འདུག་བལྟ་ནི་དང་བསྐྱར་ཞིབ་པའི་བསམ་ལན་ལྟར་དུ་ལེགས་བཅོས་འབད་ཡོདཔ་མེདཔ་བལྟ་ནི།
༦ དེ་ལས་རྩོམ་ཤོག་ཚུ་ པར་སྐྲུན་འབད་ནི་གི་ འོས་འབབ་འདུག་ག་མིན་འདུག་བལྟ་ནི་དང་ ཡིག་སྡེབ་ནོར་བ་ཡོད་མི་ཚུ་ ལེགས་ཤོམ་འབད་ཞུན་གནང་ནི། གལ་སྲིད་ཞུན་གནང་བའི་སྐབས་སྟབས་མ་བདེཝ་འཐོན་ཏེ་ དུས་ཚོད་ཁར་གནང་མ་ཚུགས་པ་ཅིན་ སྔ་གོང་ལས་འཛིན་སྐྱོང་ཞུན་དག་པ་ལུ་སྙན་ཞུ་འབད་ནི།
༧ རིག་མཛོད་དུས་དེབ་ནང་ལུ་ པར་སྐྲུན་འབད་དེ་ཡོད་པའི་ རྩོམ་ཤོག་ཚུ་ཡིག་སྡེབ་ནོར་བ་སྤུ་ཙམ་ཡང་མེད་པར་ སྤུས་ཚད་ཅན་སྦེ་བཟོ་གནང་ནི།
ཞལ་བཀོད་ཞུན་དག་པའི་ཕྱག་འགན།
༡ རིག་མཛོད་དུས་དེབ་འདི་དང་འབྲེལ་བའི་ མ་འོངས་པའི་ལམ་སྟོན་དང་བཀའ་སློབ་ཚུ་གནང་ནི།
༢ ཞུན་དག་ག་དེ་སྦེ་འབད་དགོཔ་ཨིན་ན་གི་ ལམ་སྟོན་དང་དཀའ་ངལ་འཐོན་པ་ཅིན་ ག་དེ་སྦེ་གདོང་ལེན་འབད་ནི་ཨིན་ནའི་ལམ་སྟོན་ཚུ་གནང་ནི།
༣ རིག་མཛོད་དུས་དེབ་ཀྱི་དོན་ལུ་ འོས་འབབ་ཡོད་པའི་ཞུན་དག་པ་དང་བསྐྱར་ཞིབ་པ་ཚུ་ ངོས་འཛིན་མཛད་གནང་ནི།
༤ ཞུན་དག་བཀོད་ཚོགས་ཀྱིས་ གྲོས་ཐག་བཅད་མ་ཚུགས་པར་ཡོད་པ་ཅིན་ ག་དེ་སྦེ་འབད་དགོཔ་ཨིན་ན་གི་ ལམ་སྟོན་དང་བཀའ་སློབ་ཚུ་གནང་ནི།
༥ རྩོམ་ཤོག་ཚུ་བསྐྱར་ཞིབ་པ་ལུ་ ག་དེ་སྦེ་གཏང་དགོཔ་ཨིན་ནའི་ལམ་སྟོན་གནང་ནི།
འཛིན་སྐྱོང་ཞུན་དག་པའི་ལཱ་འགན།
༡ རྩོམ་ཤོག་བསྡུ་ལེན་འབད་ནི།
༢ བསྡུ་ལེན་འབད་ཡོད་པའི་རྩོམ་ཤོག་ཚུ་ ལམ་སྟོན་དང་འཁྲིལ་འདུག་ག་མིན་འདུག་ དབྱེ་ཞིབ་འབད་དེ་ ལམ་སྟོན་དང་འཁྲིལ་མེད་པ་ཅིན་ ལོག་བསྐྱལ་བཅུག་ནི།
༣ ཞུན་དག་པ་དང་བསྐྱར་ཞིབ་པ། ཞལ་བཀོད་ཞུན་དག་པ། དེ་ལས་རྩོམ་པ་པོ་ཚུ་དང་གཅིག་ཁར་འབྲེལ་བ་འཐབ་ནི།
༤ བསྡུ་ལེན་འབད་ཡོད་པའི་རྩོམ་ཤོག་ཚུ་ ཞལ་འཛོམས་ནང་སྙན་ཞུ་འབད་དེ་ བསྐྱར་ཞིབ་པ་དང་ཞུན་དག་པ་ཚུ་ལུ་བསྐྱལ་ནི།
༥ ཞལ་འཛོམས་འགོ་འདྲེན་འཐབ་ནི།
༦ དུས་དེབ་ཚུ་སྤུས་ཚད་ཅན་དང་དུས་ཚོད་ཁར་པར་སྐྲུན་འབད་ནི་གི་འཆར་གཞི་བརྩམ་ནི།
༧ དེ་ལས་ཞལ་བཀོད་ཞུན་དག་པ་དང་ཞུན་དག་པ་གོངམ་གཉིས་ལས་ གང་རུང་གིས་ ཁྲི་འཛིན་མཛད་ཐོག་ལས་ བསྡུ་ལེན་འབད་དེ་ཡོད་པའི་རྩོམ་ཤོག་ཚུ་ ཞུན་དག་པ་ལུ་མ་བཏང་བའི་ཧེ་མ་ཞལ་འཛོམས་ཚར་གཅིག་དང་ པར་སྐྲུན་མ་འབད་བའི་ཧེ་མ་ ཞལ་འཛོམས་ཚར་གཅིག་ཚོགས་ཐོག་ལས་ གྲོས་ཐག་བཅད་དགོཔ་ཡོད་མི་ཚུ་ ཞུན་དག་པའི་འཐུས་མི་ག་ར་འཛོམས་ཐོག་ལས་ གྲོས་ཐག་བཅད་ནི།
༨ ཞལ་འཛོམས་མ་ཚོགས་པའི་ བདུན་ཕྲག་གཅིག་གི་ཧེ་མ་ གྲོས་གཞི་ཚུ་འཐུས་མི་ཆ་ཁྱབ་ལུ་ཕུལ་ནི།
རྩོམ་པ་པོའི་བདག་དབང་དང་ཕན་འདེབས་འབད་མིའི་ལམ་ལུགས།
རྩོམ་ཤོག་ནང་བཀོད་ཡོད་པའི་ ནང་དོན་གྱི་འགན་ཁག་ཧྲིལ་བུམ་རྩོམ་པ་པོའམ་ རྩོམ་པ་པོ་ཚུ་གིས་འབག་དགོཔ་ལས་ རྩོམ་པ་པོའི་ཚད་གཞི་ཚང་མི་ མི་ངོམ་རྐྱངམ་གཅིག་ རྩོམ་ཤོག་ནང་རྩོམ་པ་པོ་སྦེ་ཐོ་བཀོད་འབད་དགོཔ་ཨིན།
- དེ་ཡང་ཞིབ་འཚོལ་གྱི་འཆར་སྣང་། བཟོ་བཀོད། ལག་ལེན། གནད་སྡུད་བསྡུ་ལེན། ཡང་ཅིན་གནད་སྡུད་དབྱེ་དཔྱད་ཚུ་ནང་གལ་གནད་ཅན་གྱི་ཕན་འདེབས་ཡོད་མི་དང་།
- རྩོམ་ཤོག་ཟིན་བྲིས་བཏབ་ནི། ཡང་ཅིན་ཤེས་ཡོན་གྱི་ནང་དོན་གལ་ཅན་གྱི་དོན་ལུ་ དཔྱད་ཞིབ་ཅན་གྱི་བསྐྱར་ཞིབ་འབད་ཡོད་མི་དང་།
- མཐའ་དཔྱད་རྩོམ་ཤོག་གཟིགས་རྟོག་འབད་དེ་ངོས་ལེན་དང་ པར་སྐྲུན་གྱི་དོན་ལུ་ངོ་སྦྱོར་འབད་ཡོདཔ།
- རྩོམ་ཤོག་གི་དོན་ལུ་ དཔེར་ན་ འཕྲུལ་ཆས་ཀྱི་གྲོགས་རམ་ བྲི་ནི་དང་ཞུན་དག་གི་རྒྱབ་སྐྱོར་དང་ སྤྱིར་བཏང་གི་ཆ་རོགས་ལ་སོགས་པའི་ ཕན་འདེབས་ཚུ་འབད་ཡོད་རུང་ རྩོམ་པ་པོའི་ཚད་གཞི་མ་ཚང་མི་ཚུ་ རྩོམ་པ་པོ་སྦེ་ཐོ་བཀོད་འབད་ནི་མི་འོང་། ཨིན་རུང་ མི་ངོམ་དེ་ལས་ཡིག་ཐོག་གི་གནང་བ་ལེན་ཏེ་ ངོ་སྦྱོར་གྱི་དོན་ཚན་ནང་ངོ་སྦྱོར་འབད་དགོ །
- གོང་གི་འགྲེལ་བཤད་དང་འཁྲིལ་ རྩོམ་པ་པོ་གཙོ་བོ་གིས་ འོས་འབབ་ཡོད་པའི་མཉམ་འབྲེལ་གྱི་རྩོམ་པ་པོ་ཚུ་མ་གཏོགས་ འོས་འབབ་མེད་པའི་མཉམ་འབྲེལ་གྱི་རྩོམ་པ་པོ་ཚུ་ཐོ་བཀོད་འབད་ནི་མི་འོང་། དེ་ཡང་མཉམ་འབྲེལ་རྩོམ་པ་པོ་ཚུ་གིས་ རྩོམ་ཤོག་དེ་བལྟ་ཞིནམ་ལས་པར་སྐྲུན་གྱི་དོན་ལུ་ཞལ་འཆམ་ཡོད་མེད་བདེན་དཔྱད་འབད་དགོ །
ཁེ་ཕན་ལྟག་སྤྲོད་ཀྱི་སྲིད་བྱུས།
རིག་མཛོད་དུས་དེབ་ཀྱི་དོན་ལུ་ རྩོམ་ཡིག་བསྐྱལ་བའི་སྐབས་ རྩོམ་པ་པོ་གིས་ ཁེ་ཕན་ལྟག་སྤྲོད་ཡོད་མེད་བརྡ་ལན་འབད་དགོཔ་ཨིནམ་ད་ ཁེ་ཕན་ལྟག་སྤྲོད་ཀྱི་སྲིད་བྱུས་དེ་ཡང་ རྩོམ་ཡིག་གཅིག་ཁར་པར་སྐྲུན་འབད་འོང་། གལ་སྲིད་ཞིབ་འཚོལ་དེ་ལུ་མ་དངུལ་གྱི་རྒྱབ་སྐྱོར་བྱིན་མི་ཡོད་རུང་ རྒྱབ་སྐྱོར་པ་དང་ཁེ་ཕན་ལྟག་སྤྲོད་མེད་པ་ཅིན་ “ཞིབ་འཚོལ་གྱི་བཟོ་བཀོད་དང་ གནད་སྡུད་བསྡུ་ལེན་ གྲུབ་འབྲས་ཀྱི་འགྲེལ་བརྗོད་ དེ་ལས་རྩོམ་ཡིག་ཚུ་ནང་ལུ་ ཤུགས་རྐྱེན་ག་ནི་ཡང་མེད་” ཟེར་བཀོད་དགོ། གལ་སྲིད་ཁེ་ཕན་ལྟག་སྤྲོད་མེད་པ་ཅིན་ རྩོམ་པ་པོ་གིས་ “དེ་ཚུ་ག་ནི་ཡང་མེད་པའི་ཁས་ལེན་” ཟེར་བཀོད་དགོ།
བསྐྱར་ཞིབ་པ་དང་ དོན་ཚན་ཞུན་དག་པ་ཚུ་གིས་ཡང་ རྩོམ་ཡིག་དང་ རྩོམ་པ་པོ་ ཕྱོགས་རིས་ འགྲན་ཟླའི་ཁེ་ཕན་ལྟག་སྤྲོད་དང་འབྲེལ་བའི་གནད་དོན་ཚུ་ ག་ནི་ཡང་མེད་པའི་སྐོར་ལས་བརྡ་ལན་འབད་དགོ།
པར་སྐྲུན་བདག་དབང་སྲིད་བྱུས།
རྩོམ་ཡིག་དེ་ རིག་མཛོད་དུས་དེབ་ལུ་ གཟིགས་འབུལ་གྱི་དོན་ལུ་བསྐྱལ་ཞིནམ་ལས་ པར་དབང་དེ་རིག་མཛོད་དུས་དེབ་བཞག་དགོཔ་ཨིན་རུང་ རིག་མཛོད་དུས་དེབ་འདི་ གུ་ཡངས་ཅན་གྱི་དུས་དེབ་ཅིག་འབད་ལས་ པར་དབང་འདི་ རྩོམ་པ་པོ་ལུ་གཞག་སྟེ་ཡོདཔ་ཨིན། རྩོམ་ཡིག་དེ་ གློག་རིག་ཡོངས་འབྲེལ་ཐོག་ལུ་ བཀྲམ་སྤེལ་འབད་དེ་ ག་ར་གིས་བལྟ་བཏུབ་བཟོ་ནི་གི་དབང་ཚད་འདི་ མི་སྡེ་ལུ་ཡོདཔ་ཨིན།
དུས་དེབ་ནང་ལུ་ པར་སྐྲུན་མ་འབད་བའི་ཧེ་མ་དང་ རྩོམ་ཡིག་གི་རྒྱུ་ཆ་དེ་ གློག་རིག་ཡོངས་འབྲེལ་ཚུ་གི་ནང་ལུ་ བཀྲམ་སྤེལ་འབད་ནི་མི་འོང་། པར་སྐྲུན་འབད་ནི་ངོས་ལེན་མེད་པའི་རྒྱུ་ཆ་ཡང་ བཀྲམ་སྤེལ་འབད་ནི་མི་འོང་། དུས་དེབ་ནང་ལུ་ པར་སྐྲུན་འབད་ཚར་བའི་ཤུལ་ལས་ རྩོམ་པ་པོ་གིས་ པར་སྐྲུན་པ་ལས་གནང་བ་ལེན་ཏེ་ བློ་འདོད་ལྟར་དུ་ ལག་ལེན་འཐབ་བཏུབ། ལག་ལེན་འཐབ་ཚུལ་གྱི་དཔེ་ཡང་ རྩོམ་ཡིག་འདི་ འགོ་དང་པ་རིག་མཛོད་དུས་དེབ་ནང་ལུ་ འཐོན་རིམ་་་ ཤོག་གྲངས་་་ དོན་ཚན་་་ འ་ནེ་གི་ཐོག་ལུ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ ནང་ཆོས་ཞིབ་འཚོལ་ལྟེ་བ་གིས་ པར་སྐྲུན་འབད་ཡོདཔ་ཨིན་ཟེར་བཀོད་དགོ།
གལ་སྲིད་ གསར་འཐོན་རྩོམ་ཡིག་དེ་ ཀྲི་ཨི་ཊིཕ་ ཀོ་མན་ ལའི་སནས་ (Creative Common License) ནང་ལུ་ ཐོ་བཀོད་འབད་དེ་ཡོད་པ་ཅིན་ རྩོམ་པ་པོ་གཞན་ག་ཨིན་རུང་ རྩོམ་པ་པོ་ངོ་མ་དང་ རིག་མཛོད་དུས་དེབ་ལུ་ཡང་ ཚུལ་མཐུན་གྱི་ངོ་སྦྱོར་ཞུ་དགོ།
ཆོག་ཐམ་གྱི་ལམ་ལུགས།
རིག་མཛོད་དུས་དེབ་དེ་ https://creativecommons.org/licenses/by/4.0/ ཟེར་བའི་དྲ་ལམ་ཐོག་ལུ་ ཐོ་བཀོད་འབད་ཡོད་པའི་ གུ་ཡངས་དུས་དེབ་ཅིག་ཨིནམ་ལས་ རྩོམ་པ་པོ་དང་དུས་དེབ་ལས་ ངོས་སྦྱོར་ཚུལ་མཐུན་ཞུ་བའི་སྒོ་ལས་ ག་ར་གིས་རིན་མེད་སྟོང་པ་སྦེ་ ལྷག་ནི་དང་ ཕབ་ལེན་ འདྲ་བཤུས་ བཀྲམ་སྤེལ་ པར་སྐྲུན་ འཚོལ་ཞིབ་ཚུ་འབད་ཆོག་པ་མ་ཚད་ ཡང་ཅིན་ དུས་དེབ་ནང་ལུ་ཡོད་མི་ མ་དཔེ་ཆ་ཚང་གི་འབྲེལ་མཐུད་ (link) བྱིན་ཆོག།
དུས་དེབ་དེ་གཙོ་བོ་ར་ རྒྱལ་སྤྱིའི་ཐོག་ ཤེས་ཡོན་བརྗེ་སོར་འབད་ནིའི་དོན་ལུ་ རྩོམ་ཡིག་གི་དོན་ཚན་ཚུ་ ག་ར་གིས་རིན་མེད་སྟོང་པ་སྦེ་ དེ་འཕྲོ་ལས་ ཐོབ་ཚུགསཔ་སྦེ་བཟོ་ནིའི་དོན་ལུ་ཨིན།
རྩོམ་ཤོག་རྙིང་མཛོད་ལམ་ལུགས།
རིག་མཛོད་དུས་དེབ་ཀྱི་ཡོངས་འབྲེལ་ནང་ལུ་ པར་སྐྲུན་འབད་དེ་ཡོད་པའི་རྩོམ་ཤོག་ཚུ་ ནང་ཆོས་ཞིབ་འཚོལ་ལྟེ་བའི་ཡིག་ཚང་ལུ་ ཀི་དེབ་སྦེ་པར་སྐྲུན་འབད་དེ་ བཞག་དོ་ཡོདཔ་མ་ཚད་ གློག་རིག་ཧཊ་ཌེབ་ནང་ལུ་ཡང་ བདག་འཛིན་འཐབ་སྟེ་བཞག་དོ་ཡོདཔ་ཨིན།
པར་སྐྲུན་གྱི་འཐུས་སྤྲོད་ལེན་གྱི་ལམ་ལུགས།
རིག་མཛོད་དུས་དེབ་ནང་ལུ་ པར་སྐྲུན་འབད་དེ་ཡོད་པའི་རྩོམ་ཤོག་ཚུ་གི་ འཐུས་ཚུ་ག་ནི་ཡང་མ་ལེན་པར་ རིན་མེད་སྟོང་པའི་ཐོག་ལས་འབད་དོ་ཡོདཔ་ཨིན།