སྔ་རབས་སློབ་སྟོན་ཐབས་ཤེས་ཀྱི་ལག་ལེན་དང་ཁེ་ཕན་ལུ་དཔྱད་པ།
DOI:
https://doi.org/10.17102/rigzoedjournal.clcs.rub.4.002Abstract
བད་དོན།
འབྲུག་གི་རྒྱལ་ཁབ་ནང་ དེང་སང་གི་རིག་གནས་གསར་པའི་སློབ་སྦྱོང་འབད་ཐངས་དེ་ མ་ཐོན་པའི་བསྒང་ལས་རང་ གྲྭ་ཚང་དང་ དགོན་སྡེ་ཚུ་ནང་ ཤེས་ཡོན་སློབ་སྦྱོང་འབད་སའི་ ས་གནས་གཙོ་བོ་ཅན་ཅིག་སྦེ་སྡོད་ནུག། ཨིན་རུང་ དེང་སང་གི་སློབ་སྟོན་ལམ་སྲོལ་དེ་ མ་དར་བའི་སྐབས་ལས་ ལག་ལེན་འཐབ་སྲོལ་ཡོད་པའི་སྔ་རབས་ཀྱི་སློབ་སྟོན་ཐབས་ལམ་དེ་ཚུ་ ལེགས་ཤོམ་ཡོདཔ་དང་ མེད་པའི་སྐོར་ལས་རྩོད་གཞི་ཅན་ཅིག་ཨིནམ་ལས་ སྔ་རབས་ཀྱི་སློབ་སྟོན་འབད་ཐངས་ནང་ སློབ་སྟོན་ཐབས་ཤེས་ ག་དེ་སྦེ་རང་ལག་ལེན་འཐབ་ནི་ཡོདཔ་ཨིན་ན་དང་ དེ་གིས་ཕན་གནོད་ག་ཅི་བཟུམ་ར་ ཡོདཔ་ཨིན་ན་ཟེར་བའི་གནད་དོན་དེ་ལུ་ ཁུངས་བཙན་ཐབས་ལམ་གྱི་ཐོག་ལས་ འགྲེལ་བཤད་ཞིབ་འཚོལ་ཅིག་འབད་དེ་ཡོདཔ་ཨིན། དེ་གི་དོན་ལུ་ ཉམས་མྱོང་ཅན་གྱི་མི་ངོམ་དག་པ་ཅིག་ལས་ དྲི་བ་དྲིས་ལན་དང་ གནས་སྟངས་ངོ་མ་ནང་ ལྟ་རྟོག་འབད་དེ་ གནས་སྡུད་བསྡུ་ལེན་འབད་ཡོད། ཞིབ་འཚོལ་དེ་ལུ་བརྟེན་ཏེ་ སྔ་རབས་ཀྱི་སློབ་སྟོན་ཐབས་ལམ་ ག་ཅི་བཟུམ་ཡོདཔ་ཨིན་ན་དང་ དེ་གི་ཁེ་ཕན་ག་དེ་སྦེ་ཡོདཔ་ཨིན་ན་ཚུ་ཧ་གོ་ཚུགས། དེ་གི་གནས་སྡུད་དང་འཁྲིལ་བ་ཅིན་ སྔ་རབས་ཀྱི་ལམ་སྲོལ་ཐོག་ལུ་ཡང་ འབྲི་ལྷག་གི་ཤེས་ཡོན་རྐྱངམ་གཅིག་གིས་མ་ཚད་པར་ དགོས་མཁོ་ལྡན་པའི་རིག་རྩལ་མ་འདྲཝ་ལེ་ཤ་རང་ལྷབ་སྦྱང་འབད་དེ་ཡོད་པའི་ནང་ལས་ རིག་རྩལ་སོ་སོ་དང་བསྟུན་པའི་ སློབ་སྦྱོང་གི་ཐབས་ལམ་ཡང་ མ་འདྲཝ་སྦེ་ ལག་ལེན་འཐབ་སྟེ་སྡོད་ནུག། ཞིབ་འཚོལ་གནས་སྡུད་དང་འཁྲིལ་བ་ཅིན་ སློབ་སྦྱོང་ཐབས་ལམ་དེ་ཚུ་གི་གྲུབ་འབྲས་ཡང་ ལེགས་ཤོམ་ཡོདཔ་སྦེ་ཨིན་མས། ཨིན་རུང་ ཐབས་ལམ་ལག་ལེན་འཐབ་ནི་ཐད་ལུ་ གནས་སྡུད་དབྱེ་དཔྱད་དང་ འཁྲིལ་བ་ཅིན་ སྔ་རབས་སློབ་སྦྱོང་གི་ལམ་སྲོལ་ནང་ རིག་རྩལ་ལྷབ་སྦྱང་འབད་ནི་ ལ་ལུ་ཅིག་ ལུགས་མཐུན་གྱི་ཐོག་ལས་ གཏན་འབེབས་མེདཔ་དང་ སློབ་ཕྲུག་རང་སོའི་ རིག་པ་གཡོག་བཀོལ་དགོ་པའི་ཐབས་ལམ་ གནམ་མེད་ས་མེད་ཅིག་མིན་འདུག། དེ་འབདཝ་ལས་ ལག་ལེན་འཐབ་ནི་ཡོད་པའི་ཐབས་ལམ་ཚུ་ ལུགས་མཐུན་བཟོ་དགོཔ་དང་ དེང་སང་གི་ཐབས་ལམ་ཚུ་གིས་བརྒྱན་ཏེ་ དུས་མཐུན་བཟོ་ཚུགས་པ་ཅིན་ ཤེས་རིག་གི་ལམ་ལུགས་ནང་ ལག་ལེན་འཐབ་ཚུགས་པའི་ ཁེ་ཕན་འབྱུང་ནི་ཨིན་མས།
གཙོ་ཚིག། ཤེས་ཡོན། རིག་རྩལ། སྔ་རབས། སློབ་སྦྱོང་ཐབས་ཤེས། ལག་ལེན། ཕན་གནོད།
Downloads
Published
How to Cite
Issue
Section
License
Copyright (c) 2026 བཀྲ་ཤིས་ཕུན་ཚོགས།

This work is licensed under a Creative Commons Attribution 4.0 International License.
"