Peer Review Process

གསང་བའི་བསྐྱར་ཞིབ་ཀྱི་བྱ་རིམ།

རིག་མཛོད་དུས་དེབ་དེ་ གསང་བའི་བསྐྱར་ཞིབ་ཀྱི་བྱ་རིམ་ཐོག་ལས་ པར་སྐྲུན་འབད་ནི་ཨིནམ་ལས་ བསྐྱར་ཞིབ་པ་དང་རྩོམ་པ་པོ་གཉིས་ ཕན་ཚུན་གསང་རྒྱ་སྦེ་གཞག་དགོཔ་ཨིན། བསྐྱར་ཞིབ་འབད་དགོ་པའི་དམིགས་ཡུལ་དེ་ཡང་ ཆགས་སྡང་ཕྱོགས་རིས་དང་ འགྲན་སེམས་སྤང་ནིའི་དོན་ལུ་ཨིནམ་ལས་ ཞུན་དག་འཛིན་སྐྱོང་པ་གིས་ དོན་ཚན་མཁས་མཆོག་ཚུ་ལུ་འབྲེལ་བ་འཐབ་སྟེ་ དེ་ཚུ་ལས་གནང་བ་ལེན་ཞིནམ་ན་ འབྲེལ་ཡོད་ཡིག་ཆ་ཚུ་བསྐྱལ་ནི།

 

དབྱེ་ཞིབ་ཚུལ་མཐུན་འབད་ནིའི་དོན་ལུ་ རྩོམ་ཤོག་རྐྱངམ་གཅིག་མ་གཏོགས་ རྩོམ་པ་པོའི་ལོ་རྒྱུས་དང་ངོ་རྟགས་ གསལ་སྟོན་འབད་བའི་གནས་ཚུལ་ཚུ་ ག་ཅི་ཡང་མི་བསྐྱལ། ཞུན་དག་འཛིན་སྐྱོང་པ་གིས་ངོ་འབྱོར་འབད་དེ་ དབྱེ་ཞིབ་བྱ་རིམ་གྱི་དོན་ལུ་ འདྲ་དཔེ་ཅིག་ཞུན་དག་པ་ཚུ་ལུ་བསྐྱལ་ནི། དབྱེ་ཞིབ་ཀྱི་ཤུལ་ལུ་ རྩོམ་པ་པོ་ཚུ་དང་འབྲེལ་བ་འཐབ་ནི། རྩོམ་ཡིག་པར་སྐྲུན་མ་འབད་བའི་ཧེ་མ་ གཤམ་འཁོད་ཀྱི་བྱ་རིམ་ཚུ་ལག་ལེན་འཐབ་ནི།

  • རྩོམ་པ་པོ་གིས་ འབྲེལ་ཡོད་མི་ངོམ་ལུ་ རྩོམ་ཤོག་བསྐྱལ་ནི།

  • ཞུན་དག་འཛིན་སྐྱོང་པ་གིས་ རྩོམ་ཡིག་དེ་ འབྲེལ་བ་ཡོད་མེད་དང་། རྩོམ་ཡིག་གི་ལམ་སྟོན་འཁྲིལ་ཡོད་མེད་ ཟླཝ་གཅིག་གི་ནང་འཁོད་ བསྐྱར་ཞིབ་འབད་དེ་ ལམ་སྟོན་དང་འཁྲིལ་ཏེ་མེད་པ་ཅིན་ ངོས་ལེན་མ་འབད་བར་ ལོག་བཙུགས་དགོཔ་པའི་བརྡ་ལན་འབད་ནི། གལ་སྲིད་ལམ་སྟོན་དང་འཁྲིལ་ཏེ་ཡོད་པ་ཅིན་ ཞུན་དག་འཛིན་སྐྱོང་པ་གིས་ དང་ལེན་འབད་དེ་ གསང་བའི་བསྐྱར་ཞིབ་ཀྱི་བྱ་རིམ་འགོ་བཙུགས་ནི།

  • ཞུན་དག་འཛིན་སྐྱོང་པ་གིས་ བདུན་ཕྲག་གསུམ་གྱི་ནང་འཁོད་ དོན་ཚན་མཁས་མཆོག་ཚུ་ལུ་ རྩོམ་ཡིག་གི་ཐོ་བསྐྱལ་ཏེ་ དོན་ཚན་ག་འདི་བསྐྱར་ཞིབ་འབད་ནི་ཨིན་ན་གཏན་འཁེལ་བཟོ་ནི།

  • ཞུན་དག་འཛིན་སྐྱོང་པ་གིས་ གསང་བའི་བསྐྱར་ཞིབ་པ་གཉིས་གདམ་འཐུ་འབད་དེ་ རྩོམ་ཡིག་དང་བསྐྱར་ཞིབ་ཀྱི་འབྲི་ཤོག་སྦྲགས་ཏེ་བསྐྱལ་ནི། བསྐྱར་ཞིབ་ཀྱི་དོན་ལུ་ བདུན་ཕྲག་བཞི་བྱིན་ཏེ་ གལ་སྲིད་མཆན་ཡིག་མ་ཐོབ་པ་ཅིན་ བདུན་ཕྲག་གསུམ་པའི་མཇུག་ཁམས་ལུ་ དྲན་གསོ་འབད་ནི།

     

རྩོམ་ཡིག་བསྐྱར་ཞིབ་ཀྱི་འབྲི་ཤོག་དབྱེ་ཁག་གཉིས་ཡོད་ས་ལས་ དང་པ་རྩོམ་ཡིག་བསྐྱར་ཞིབ་ཀྱི་ཚད་རྟགས་ཡོད་མི་དེ་ རྩོམ་པ་པོ་ལུ་གསང་ནི་ཨིན། གཉིས་པ་ བསྐྱར་ཞིབ་པ་གིས་ རྩོམ་ཡིག་དབྱེ་ཞིབ་འབད་ཡོད་པའི་སྐུགས་ཚད་དང་ ལེགས་ཉེས་ཚད་རྟགས་དེ་ གཤམ་འཁོད་ཀྱི་དབྱེ་ཁག་གང་རུང་ཅིག་ལུ་ ཨིན་རྟགས་བཀལ་ཏེ་བྱིན་ནི།

རྩོམ་ཡིག་ག་ཨིན་མི་འདི་ར་ ངོས་ལེན་ཡོད། (ཡང་ཅིན་ འགྱུར་བཅོས་དུམ་གྲ་ཅིག་དགོཔ་

རྩོམ་ཡིག་དེ་ བསྐྱར་བཅོས་འབད་དེ་ ངོས་ལེན་ཡོད། 

རྩོམ་ཡིག་དེ་ བསྐྱར་བཅོས་འབད་ཞིནམ་ལས་ ལོག་བཙུགས་ནིའི་དོན་ལུ་བྱིན་ནི། 

རྩོམ་ཡིག་དེ་ ངོས་ལེན་མེད།

བསྐྱར་ཞིབ་འབད་བའི་རྩོམ་ཡིག་ཐོབ་པའི་ཤུལ་ལས་ ཞུན་དག་འཛིན་སྐྱོང་པ་གིས་ མཆན་ཡིག་དང་འཁྲིལ་ཏེ་ འགྱུར་བཅོས་འབད་ཡོད་མེད་བར་ལྟ་ཞིནམ་ལས་ རྩོམ་པ་པོ་ལུ་ རྩོམ་ཡིག་ངོས་ལེན་གྱི་ཡི་གུ་བསྐྱལ་ནི།

  • དཔར་སྐྲུན་གྱི་དོན་ལུ་ རྩོམ་ཡིག་གི་ཐོ་ བཟོ་བཀོད་ཞུན་དག་པ་ལུ་བསྐྱལ་ནི། དེ་ཡང་ ལོ་ལྟར་འཐོན་རིམ་གཅིག་གི་དོན་ལུ་ རྩོམ་ཡིག་གྱངས་ཁ་ ༧ ལས་༡༠ དགོཔ་ཨིན།

  • བཟོ་བཀོད་ཞུན་དག་པ་གིས་ དུས་དེབ་ཀྱི་ལམ་སྟོན་དང་འཁྲིལ་ཏེ་ བཟོ་བཀོད་འབད་ནི།

  • བཟོ་བཀོད་ཞུན་དག་པ་གིས་ པར་སྐྲུན་གྱི་དོན་ལུ་ མཁོ་སྒྲུབ་ལམ་སྟོན་དང་འཁྲིལ་ཏེ་ལཱ་འགོ་བརྩམ་ནི། པར་སྐྲུན་དངོས་གཞི་མ་འབད་བའི་ཧེ་མ་ ཞུན་དག་གི་དོན་ལུ་ དཔེ་དེབ་ཅིག་པར་སྐྲུན་འབད་དེ་བལྟ་ནི།

  • པར་སྐྲུན་འབད་ཚར་བའི་ཤུལ་ལས་ རྩོམ་པ་པོ། ལས་ཁུངས་ཁག། གཙུག་ལག་སློབ་ཁང་ཚུ་ལུ་བཀྲམ་སྤེལ་འབད་ནི།

  • རིག་མཛོད་དུས་དེབ་ཀྱི་ཡོངས་འབྲེལ་འཆར་སྒོ་ནང་ལུ་ཡང་ དུས་དེབ་ཀྱི་ཐོ་དང་ རྩོམ་ཡིག་PDF གཉིས་བཅུག་ནི།